ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ1པོའི་ཚེས16ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས60པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། བྱ་བའི་སྙན་ཞུར་གསན་ཏེ་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་ནས་བྱ་བ་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་ཆེད་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་སྙན་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུར་གསན་པ་དེས་ང་ཚོས་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུར་དཔེ་སྟོན་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱེད་དགོས་ཤིང་། རང་འགུལ་ངང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་དང་དཔེ་བསྡུར་བྱེད་པ་དང་། ཏང་ཙུའུ་ལས་ཁུངས་ཀྱི་བྱ་བའི་སྙན་ཞུར་ནན་ཏན་ངང་ཉན་པ་དང་། དོན་དག་གལ་ཆེན་དགོངས་སྐོར་སྙན་ཞུ་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་བསམ་བློ་སྔར་བས་གཅིག་གྱུར་དང་ངོས་འཛིན་མཐོར་གཏོང་། འགན་ཁུར་ནན་གཏོང་། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས་པ་ནན་གྱིས་བསྟན།         

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུའི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནས་མགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པར་ཕྱོགས་སྡོམ་བྱས་ཤིང་། ཏང་གི་རང་ངོས་གསར་བརྗེ་བྱེད་པའི་དགོངས་པ་གལ་ཆེན་རྒྱས་བཤད་གཏིང་ཟབ་བྱས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་སྐུལ་འདེད་གཏིང་ཟབ་གཏོང་རྒྱུར་འཐབ་ཇུས་བཀོད་སྒྲིག་བྱས་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཏང་གི་རང་ངོས་གསར་བརྗེ་བྱེད་པའི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། ཏང་གི་རང་ངོས་གསར་བརྗེ་བྱེད་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བའི“བྱེད་དགོས་པ་དགུ”ཡི་ལག་ལེན་གྱི་བླང་བྱ་ཁོང་དུ་འཕྱུགས་མེད་ངང་ཆུད་པར་བྱས་ནས་གཟབ་ནན་གྱི་གཞི་གདངས་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་ཁོར་ཡུག་བཅས་ཡུན་རིང་རྒྱུན་འཁྱོངས་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལོ་འཁོར་མོའི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱ་བ་འཆར་འགོད་ནན་ཏན་བྱས་ཏེ་མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་ཚབས་ཆེན་འགལ་བའི་གནད་དོན་ལ་དམིགས་ནས་གྱོད་གཞིར་ལ་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྒྲིག་དང་སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་ནས་སྤྱོད་ཚུལ་ཇེ་ལེགས་དང་སྒྲིག་ཁྲིམས་ནན་དུ་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་དང་ཏན་ཏིག་ངང་སྒྲུབ་པ་དང་། རང་འགུལ་ངང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་དཔེ་བསྡུར་ཚད་འཛིན་བྱས་ཏེ“གནས་བཞི”འཛུགས་སྐྲུན་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། གྲོང་གསེབ་དར་སྤེལ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གཙོ་གནད་བྱ་བར་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ཏན་ཏིག་བྱས་ནས་སྐོར་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་བསྟན།    

ཚོགས་འདུའི་ཐོག ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི2023ལོའི་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ། 2024ལོའི་དཔལ་འབྱོར་བྱ་བ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བཅས་བྱས་པས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཚོ་སྔོན་གསར་པ་བསྐྲུན་རྒྱུར་ནུས་པ་གལ་ཆེན་ཐོན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་བྱ་བའི་བྱེད་ཐབས་སྔར་བས་ཞིབ་ཕྲ་བཟོ་བ། མངོན་འགྱུར་གྱི་ཐབས་ལམ་གཅིག་གྱུར་འཆར་འགོད་བྱེད་པ། བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་བླང་བྱ་གལ་ཆེན་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ། བྱ་བའི་དམིགས་ཚད་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་སྡུད་བྱེད་པ་བཅས་བྱས་ནས་མཚོ་བྱང་གི་བྱ་བ་སོ་སོ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་འགྲོ་ལམ་བརྒྱུད་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་པ།   དྲིལ་སྒྲོག་སྡེ་ཁག་གིས་ཁུལ་ཡོངས་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཞིབ་ཕྲའི་ཇུས་གཞི་ཞིབ་ཚགས་ངང་བཟོས་ནས་ལངས་གཟུགས་རྣམ་པ་དང་ཟུར་ཚད་མང་བའི་སློབ་སྦྱོང་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས་དྲང་ཕྱོགས་ཀྱི་གླེང་ཕྱོགས་ཁྲིད་སྟོན་ཤུགས་ཆེན་ཞིག་མགྱོགས་མྱུར་ངང་ཆགས་པར་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཏང་ཡོན་ཡོངས་དང་རྒྱ་ཆེའི་ལས་བྱེད་པ་ཡོངས་ལ་བརྒྱུད་སྒྲོག་ཏན་ཏིག་བྱས་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། མི་སེམས་ལ་ཟུག་པར་བྱེད་དགོས།  རིམ་པ་སོ་སོའི་སྡེ་ཁག་གིས་མཚོ་བྱང་གི་དོན་དངོས་ལ་གཞི་ཚུགས་ནས་རང་རྟོགས་ངང་དཔེ་བསྡུར་ཚད་འཛིན་སྒོས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་བཀོད་སྒྲིག་གསར་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་གྱིས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ“ངོས་འཛིན་རབ་རིབ་བཞི”སྔར་བས་གསལ་པོ་བཟོ་བ་དང་བརྟག་ཞིབ་གཏིང་ཟབ་དང་བསམ་གཞིག་གཏིང་ཟབ་བྱེད་པ། ལག་བསྟར་དོན་འཁྱོལ་གྱི་བསམ་ཕྱོགས་དང་བྱ་ཐབས་འདོན་པ་བཅས་བྱས་ཏེ་བྱ་བའི་དམིགས་ཚད་དེ་བས་གནད་ལ་འཁེལ་བ་དང་བྱ་བ་དོན་འཁྱོལ་དེ་བས་ཏན་ཏིག་ཡོང་བར་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་མཚོ་བྱང་དུ་དོན་འཁྱོལ་ཐུབ་པར་བྱེད་དགོས།  ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ་དུས་ཐོག་ཏུ་གཞི་རིམ་དང་འབྲེལ་གཏུག་གཏིང་ཟབ་བྱས་ནས་དུས་ཐོག་ཏུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བརྒྱུད་སྒྲོག་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གྲོས་ཏང་ཙུའུ་ཡི་བྱ་བའི་སྙན་ཞུར་གསན་ནས་ནན་གྱིས་བསྟན་དོན། དམངས་ཆེན་དང་སྲིད་གྲོས་ཀྱི་བྱ་བ་ནི་ཏང་གི་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཏང་གི་མགོ་ཁྲིད་ནི་རང་གནས་གཞི་རྩ་དང་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་གལ་ཆེའི་དགོངས་པ་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། དམངས་ཆེན་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།  ཁུལ་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་པ་དང་། ཁྱོན་ཡོངས་ཀྱི་ཚད་མཐོའི་གནས་ཐིག་གཏན་འཁེལ་བཟོ་མཁས་པ། བདེན་འཚོལ་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། བྱ་བའི་སྤྱོད་ཚུལ་དང་བྱ་བ་བྱེད་སྟངས་ཇེ་ལེགས་སུ་གཏོང་བ། བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་ཁྱོན་ཡོངས་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་དབུལ་དགོས་ཤིང་།  དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་གཞིར་བཟུང་ནས། དམངས་ཆེན་དང་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་སློབ་གསོ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་དང་བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས། ལམ་ལུགས་དང་ནུས་པ་བཅས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་དུས་རབས་གསར་པའི་དམངས་ཆེན་དང་སྲིད་གྲོས་བྱ་བར་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་རྒྱུར་ཁྲིད་སྟོན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་འབྲེལ་ཡོད་དོན་དག་ལ་གྲོས་ཞིབ་བྱས་པ་དང《ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བྱ་བར་སྔར་བས་ཤུགས་སྣོན་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号