ཤ་བོ་སྐྱབས་ཀྱིས་སྨན་པའི་དུས་ཆེན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

ཟླ8པའི་ཚེས19ཉིན"ཀྲུང་གོའི་སྨན་པའི་དུས་ཆེན"ཐེངས་བདུན་པ་ཐོན་ལ་ཉེ་བའི་སྐབས་འདིར་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་བོད་སྨན་ཁང་དུ་བསྐྱོད་ནས་གཞི་རིམ་གྱི་འཐབ་ས་དང་པོའི་སྨན་དོན་ལས་སྒྲུབ་པར་འཚམས་འདྲི་གནང་པ་དང་ཁོ་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས། 

ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་བོད་སྨན་ཁང་གི་གཞུང་སྒྲུབ་ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་པ་དང་མཚོ་སྔོན་ཞིང་ཆེན་ཀྲུང་བོད་གསོ་རིག་རིག་གནས་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་དང་བདུད་རྩི་ལུམས་ཀྱི་གྲོང་རྡལ་གྱི་བརྗོད་དོན་རྟེན་མཛོད་ཁང་གི་གྲ་སྒྲིག་འགྲེམས་ཁང་དང་བོད་ལུགས་གསོ་རིག་གི་ཕྱི་བཅོས་ཚན་ཁག བོད་སྨན་སྨན་རྫས་ལྟེ་གནས་བཅས་ལ་གཟིགས་ཞིབ་གནང་ནས་སྨན་དོན་ལས་སྒྲུབ་པ་དང་བྱམས་བརྩེའི་ངང་བརྗེ་རེས་གནང་བ་དང་ཁོང་ཚོའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཁོ་ཚོས་གཞི་རིམ་གྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས། ཤ་བོ་སྐྱབས་ཀྱིས་བསྟན་དོན། རྐང་ཚ་རྫོང་བོད་སྨན་ཁང་གིས་མང་ཚོགས་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ནས། རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རཏྣ་བསམ་འཕེལ་སོགས་མང་ཚོགས་ཀྱིས་ཁས་ལེན་པའི་རྩ་ཆེའི་བོད་སྨན་ཞིབ་བཟོ་བྱས་པ་དེ་ནི་བོད་ལུགས་གསོ་རིག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། རྒྱ་ཆེའི་སྨན་བཅོས་མི་སྣས"ཚེ་སྲོག་གུས་བཀུར་དང་སྲོག་སྐྱོབ་རྨས་སྐྱོར། ལེགས་སྐྱེས་དབུལ་བ། བརྩེ་བ་མཐའ་མེད"བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་ན་ཟུག་ཞི་ལྷོད་དུ་གཏོང་བ་དང་ནད་པའི་ཚེ་སྲོག་སྐྱོབ་ཐབས་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་ཡིད་ཆེས་དང་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། གཅིག་ནས་མང་ཚོགས་ཀྱི་སྨན་བཅོས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་སྨན་བཅོས་སྤུས་ཚད་དང་སྨན་བཅོས་ཉམས་ལེན་མཐོ་རུ་བཏང་ནས་རྫོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་རྫོང་ཁོངས་ཀྱི་ནད་བརྟག་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་སྟེ"བདེ་ཐང་ལྟེ་བར་བྱེད་པའི"ཞབས་ཞུའི་མ་ལག་ལ་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་པ་དང་རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་འཐུས་ཚང་དུ་བཏང་ནས་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་བཅོས་སྒྱུར་དང་། བདེ་ཐང་མཚོ་བྱང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས་ནས་ཀྲུང་བོད་གསོ་རིག་རིག་གནས་དང་། ལག་རྩལ་རྒྱུན་འཛིན་དང་གསར་གཏོད། འཕེལ་རྒྱས་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ལུགས་གསོ་རིག་དང་བོད་སྨན་རིག་གཞུང་སྤེལ་རེས་དང་ཁྱད་ལྡན་བོད་སྨན་སྨན་རྫས་ཞིབ་འཇུག་གསར་སྤེལ། བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཐད་ལ་བསམ་བློ་འདང་ངེས་གཏོང་དགོས། ཡུལ་ཚོ་དང་གྲོང་རྡལ། འཕྲོད་བསྟེན་ཁང་དང་སྡེ་བའི(མཉམ་ལས་ཁང)འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་སྨན་རྫས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་བོད་ལུགས་གསོ་རིག་སྨན་རྫས་ཐོན་ལས་སྟོབས་ཆེར་གཏོང་བ། ལྷག་པར་རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་དཔེ་སྟོན་རྫོང་གཏོད་པ་དང་རྐང་ཚ་རྫོང་གི་བདུད་རྩི་ལུམས་ཀྱི་གྲོང་རྡལ་གཏོད་པའི་ཐད་སླར་ཡང་འབད་བརྩོན་ངོ་མ་བྱེད་དགོས། གསུམ་ནས་རྒྱ་ཆེའི་སྨན་དོན་ལས་སྒྲུབ་པའི་སྨན་པའི་ཀུན་སྤྱོད་དང་སྨན་བཅོས་ལག་རྩལ་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། བྱམས་བརྩེ་རྒྱུན་འཁྱོངས་དང་སྲོལ་བཟང་བརྟན་སྲུང་། སྤྱོད་གཙང་སྨན་བཅོས་བཅས་བྱས་ནས་གླ་ཕོགས་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། སྨན་དོན་མི་སྣའི་ཐོབ་ཐང་ལེགས་སུ་གཏོང་བ། ཆེད་ལས་ལག་རྩལ་རྐང་འཛིན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་པ། སྨན་བཅོས་རྩལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྐྱིད་བདེ་གསུམ་གྱི་སྣང་བ་མཐོ་རུ་གཏོང་དགོས་ཟེར། 

སྨན་དོན་ལས་སྒྲུབ་པས་སྨན་པའི་དམ་བཅའ་དང་སྨན་པའི་ཐོག་མའི་བསམ་འདུན་ཡིད་ལ་བརྟན་པོར་བཅིངས་ནས་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་ནད་པའི་རེ་བ་དང་ཡིད་ཆེས་ཆུད་ཟོས་སུ་མི་གཏོང་བར་མཚོ་བྱང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ཆེད་སྟོབས་ཤུགས་རྒྱུན་ཆད་མེད་པར་ལེགས་སྐྱེས་དབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་ཧ་ཝུན་ཞུག ཁུལ་ཨུའི་གཞུང་ལས་ཁང་དང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ། རྐང་ཚ་རྫོང་གི་ལས་བགོས་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་གནང་།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号