ཤ་བོ་སྐྱབས་ཀྱིས་ནུབ་མཚོ་གྲོང་རྡལ་གྱི་ལས་གཞི་གལ་ཆེན་ལ་སྐུལ་སྤེལ་བཏང་བའི་གནས་ཚུལ་དང་མཁར་གྲོང་ལྗང་སྒྱུར་བྱ་བར་བརྟག་ཞིབ་གནང་།


   ཟླ4བའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་སྔ་རྗེས་སུ་ནུབ་མཚོ་གྲོང་རྡལ་མཐོན་པོ་ལམ་དང་ནུབ་མཚོ་ཐང་ཆེན། འོད་དཀར་ཐང་ཆེན། དངུལ་ཐང་ལམ། འཇུ་ལག་ལམ་མདོ། དམངས་ཡོངས་ལུས་སྦྱོང་ལྟེ་གནས་སོགས་སུ་བསྐྱོད་དེ་ནུབ་མཚོ་གྲོང་རྡལ་གྱི་ལས་གཞི་གལ་ཆེན་ལ་སྐུལ་སྤེལ་བཏང་བའི་གནས་ཚུལ་དང་མཁར་གྲོང་ལྗང་སྒྱུར་ཐད་ལ་བརྟག་ཞིབ་གནང་བ་དང་། བྱ་བའི་ཁྲོད་ཀྱི་དཀའ་གནད་ལ་དབྱེ་ཞིབ་དང་ཞིབ་འཇུག་གཏིང་ཟབ་གནང་ནས་འབྲེལ་ཡོད་གནད་དོན་སྒྲུབ་རྒྱུར་རྩིས་སྤྲོད་བྱས། 

   འོད་དཀར་ཐང་ཆེན་དང་དངུལ་ཐང་ལམ། ལྔ་གཅིག་ལམ། འཇུ་ལག་ལམ་སོགས་གཙོ་གནད་ལས་གཞི་ཨར་སྐྲུན་བྱ་ཡུལ་དུ་ཤ་བོ་སྐྱབས་ཀྱིས་ཐང་ཆེན་གྱི་ཨར་ལས་སྒྱུར་བཀོད་དང་མཐའ་འཁོར་གྱི་བགྲོད་ལམ། རླངས་འཁོར་འཇོག་ས་བཅས་ཀྱི་འཛུགས་སྐྲུན་འཕེལ་རིམ་ལ་བརྟག་ཞིབ་ཞིབ་ཕྲ་གནང་ཞིང་། ད་ལོ་ནི་མཚོ་བྱང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཡིན་ལ། སྲིད་གཞུང་གནས་སའི་ནུབ་མཚོ་གྲོང་རྡལ་ནི་ཁུལ་ཡོངས་ཀྱིས་ཕྱི་ཕྱོགས་ལ་སྣང་བརྙན་བཟང་བོ་མངོན་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པས་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་ཚུགས་གནས་མཐོ་རུ་བཏང་སྟེ་ནུབ་མཚོ་གྲོང་རྡལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་ལྗང་སྒྱུར་མཛེས་བཟོའི་བྱ་བར་སྐུལ་འདེད་གཏོང་དགོས། ལས་གཞི་གཙོ་འགན་འཁུར་མཁན་ལས་ཁུངས་ཀྱིས་ནུབ་མཚོ་གྲོང་རྡལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་གཞི་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་རྒྱུར་ཤུགས་བསྣན་ནས་ཨར་ལས་ལས་གཞིའི་བརྒྱུད་རིམ་ཧྲིལ་བོར་དོ་དམ་བྱེད་རྒྱུར་ཤུགས་སྣོན་པ་དང་། འབྲེལ་ཡོད་བཟོ་སྐྲུན་འཛུགས་སྐྲུན་གྱི་ཚད་གཞི་ལག་བསྟར་ནན་མོ་བྱེད་པ། ལས་གཞིའི་སྤུས་ཚད་དང་བདེ་འཇགས། འཕེལ་རིམ་བཅས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་དམ་འཛིན་ནན་མོ་བཅས་བྱེད་པ་དང་། བཟོ་སྐྲུན་གྱི་ལས་གཞི་དུས་བཀག་ལྟར་ལེགས་འགྲུབ་བྱུང་སྟེ་བེད་སྤྱོད་གཏོང་ཐུབ་པར་འགན་ལེན་བྱེད་དགོས་པར་བསྟན། མཚོ་བྱང་ཁུལ་ན་གཞོན་བྱ་འགུལ་ལྟེ་གནས་ཀྱི་གྱང་ངོས་གོག་པ་དང་ཁང་པའི་ངོས་ཀྱི་རྫ་གཡམ་ལྷུང་ཚབས་ཆེ་བས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེན་པོ་ཡོད་པའི་གནས་ཚུལ་ལ་དམིགས་ནས། ཁུལ་ཐད་གཏོགས་ལས་ཁུངས་བྱ་བའི་དོ་དམ་ཅུས་ཀྱིས་གནད་དོན་ལ་སྔར་བས་གྲལ་བཤེར་བྱས་ཏེ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་ཉམས་བཟོ་བྱེད་འགན་འཁུར་བ་དང་ཆབས་ཅིག་ནུབ་མཚོ་མི་རིགས་ལུས་རྩལ་ཐང་གི་འཛུལ་སྒོའི་ཕྱི་ངོས་གོག་ཚབས་ཆེ་བ་དང་ཕྱིའི་མཛེས་ཉམས་ཞན་པའི་གནད་དོན་མཉམ་དུ་བཅོས་སྒྲིག་བྱེད་དགོས། མདའ་འཕེན་ནི་མཚོ་བྱང་དུ་རྨང་གཞི་ཡག་པོ་ཡོད་པ་དང་མཚོ་བྱང་ཁུལ་གྱིས་གཏན་འཁེལ་བྱས་པའི་འགྲན་བསྡུར་ཆེ་གྲས་བཞིའི་གྲས་ཤིག་རེད། མིག་སྔར་མདའ་འཕེན་ཁང་གི་བཟོ་སྐྲུན་གྱི་འཕེལ་རིམ་དལ་བས་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་འགན་འཁྲི་སྔར་བས་ནན་དུ་བཏང་ནས་ལས་ཡུན་ལྡོག་སྒྲིག་བྱས་ཏེ་འཕེལ་རིམ་ལ་དམ་འཛིན་བྱེད་དགོས་པ་དང་། ལས་གཞི་དེ་གཏན་འབེབས་ཀྱི་དུས་བཀག་ནང་བེད་སྤྱོད་གཏོང་རྒྱུའི་འགན་ལེན་བྱེད་དགོས། ཡན་ལག་བཟོ་གྲྭ་གསུམ་པ་དང་འཇུ་ལག་ལམ། རྒྱལ་ལམ315བཅས་ཀྱི་ཉེ་འཁོར་གྱི་གྱང་རྙིང་པ་དང་རལ་སྐྱོན། བཙོག་ཟིང་ཞན་གསུམ་དང་སྒེར་འཛུགས་གང་བྱུང་བྱེད་པའི་སྣང་ཚུལ་ཚབས་ཆེན་ཡོད་པས་གྲོང་ཁྱེར་གྱི་མཛེས་ཉམས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་བཅས་ལ་མདའ་བཞི་རྫོང་གིས་བཅོས་སྒྲིག་དང་བཤིག་རྒྱུའི་འགན་འཁུར་དགོས་པའི་བླང་བྱ་བཏོན།    



   མཐོན་པོ་ལམ་མདོ་དང་ནུབ་མཚོ་ཐང་ཆེན། རྒྱལ་ལམ315སོགས་སུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་ལྗང་སྒྱུར་རིམ་སྤོར་དང་མཛེས་ལྗོངས་ཁུལ་ཆུང་ཆུང་གཏོད་པའི་སྐུལ་སྤེལ་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་གི་ནུབ་མཚོ་གྲོང་རྡལ་དང་ཉེ་འཁོར་ལྗང་སྒྱུར་རིམ་སྤོར་སོགས་ཀྱི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས་ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་འགན་ཁུར་གསལ་པོ་བཟོས་ཏེ་ཁུལ་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་མཁར་གྲོང་འཆར་འགོད་ཁུལ་ནང་གི་ལྗང་སྒྱུར་བྱ་བར་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ནགས་ཚལ་དང་རྩྭ་ཐང་སྡེ་ཁག་གིས་མཁར་གྲོང་གི་ཉེ་འཁོར་དང་ཡན་ལག་བཟོ་གྲྭ་སོ་སོའི་ལྗང་སྒྱུར་བྱ་བར་དམ་འཛིན་ཡག་པོ་བྱེད་དགོས། མདའ་བཞི་རྫོང་གིས་རྒྱལ་ལམ315དང་མཚོ་སྐོར་ལམ་རྒྱུད་ཀྱི་གཞོགས་གཉིས་ཀྱི་ལྗང་སྒྱུར་བྱ་བ་ཡག་པོ་བསྒྲུབ་རྒྱུའི་འགན་འཁུར་དགོས། མཛེས་ལྗོངས་ཀྱིས་མིར་ཞབས་འདེགས་ཞུ་བའི་བླང་བྱ་དང“ཡུལ་བབ་དང་བསྟུན་པ་དང་ཕན་འབྲས་ལ་དོ་སྣང་། འདེབས་འཛུགས་དང་དོ་དམ་མཉམ་སྤེལ”བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ནུབ་མཚོ་གྲོང་རྡལ་གྱི་ཁྲོམ་གཞུང་དང་ཉེ་འཁོར་གཞུང་ལམ་གྱི་གཞོགས་གཉིས་སོགས་གཙོ་གནད་ཁུལ་དུ་སྡོང་འཛུགས་ལྗང་སྒྱུར་བྱས་ཏེ་སྔར་ཡོད་ཀྱི་རྨང་གཞིའི་ཐོག་འོས་འཚམ་གྱི་ལེགས་སྒྲིག་བྱས་ནས་འཚམ་མཐུན་གྱི་སྡོང་ཕྲུག་བདམས་ཏེ་ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་ལུགས་མཐུན་གྱི་འཛུགས་སྐྲུན། ལྗང་སྒྱུར་འདེབས་འཛུགས་བཅས་ཀྱི་སྟུག་ཚད་ཆེ་རུ་བཏང་ནས། ནུབ་མཚོ་ལྗང་སྒྱུར་གྱི་རྣམ་པ་དང་ལྗང་སྒྱུར་གྱི་བཟོ་དབྱིབས་ལ་གོ་རིམ་ལྡན་པ་དང་། ཚོན་མདོག་དང་སྡེབ་སྒྲིག་ལུགས་མཐུན་ཡོང་བར་བྱས་ནས་འཚམ་མཐུན་རང་བཞིན་དང་མྱོང་རོལ་རང་བཞིན་གྱི་མེ་ཏོག་དང་སྡོང་ཕྲུག་གཞན་དག་ཚོད་ལྟའི་ངང་བཙུགས་ཏེ་མཐའ་འཁོར་གྱི་མི་ཆོས་རང་བྱུང་མཛེས་ལྗོངས་དང་སྤྱི་ཡོངས་ཀྱི་བཟོ་བཀོད་གཉིས་འཆམ་མཐུན་གཅིག་གྱུར་ཡོང་བའི་འགན་ལེན་བྱས་ནས་ནུབ་མཚོ་གྲོང་རྡལ་དང་དེ་བཞིན་མཐའ་འཁོར་གྱི་ལྗང་སྒྱུར་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་དགའ་སྤྲོའི་ངང་ཁུལ་སྟོན་བསུ་ཆེད་ཁོར་ཡུག་དང་རྣམ་པ་བཟང་པོ་ཞིག་བསྐྲུན་ནས་སྣང་བརྙན་བཟང་པོ་ཞིག་མངོན་དགོས་པ་ནན་གྱིས་བསྟན།

   ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དང་དེང་རབས་མཐོ་སྒང་སྐྱེ་ཁམས་ཚན་རྩལ་གླིང་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་བཟོ་སྐྲུན་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་འབྲེལ་ཡོད་ལས་ཁུངས་ཀྱི་བྱ་བའི་འཕེལ་རིམ་གྱི་སྙན་ཞུར་ཉན་རྗེས། ད་ལོ་ནི་གསེར་དངུལ་ཐང-རྡུལ་ཕྲན་མཁར-མཐོན་པོ་སྒང5Aརིམ་པའི་ལྗོངས་ཁུལ་གཏོད་པའི་འགག་རྩའི་ལོ་ཞིག་ཡིན་པ་དང་། ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་ནི5Aརིམ་པའི་ལྗོངས་ཁུལ་གཏོད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་འབྲེལ་ཡོད་སྡེ་ཁག་གིས་གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ། ཨར་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་གཏན་འཁེལ་བྱས་པའི་དམིགས་ཚད་ལྟར་ལས་གཞིར་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་ཤིང་། སྤུས་ལེགས་ནུས་ཆེའི་དེང་རབས་མཐོ་སྒང་སྐྱེ་ཁམས་ཚན་རྩལ་གླིང་གི་ལས་བཟོ་བའི་ཟ་ཁང་སྒྱུར་བཀོད་ལས་གཞིར་སྐུལ་འདེད་བཏང་སྟེ། ཟླ6པའི་ཟླ་མགོར་བེད་སྤྱོད་ཐུབ་པའི་འགན་ལེན་བྱས་ཏེ་སྔ་མོ་ནས་ཕྱོགས་བསྡུས་ཕན་ནུས་འདོན་སྤེལ་བྱེད་ཐུབ་དགོས་པར་བསྟན།     

   ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། ཨ་ཁྱུང་། ཚོ་ཅི་ཆང་བཅས་དང་། ཁུལ་སྡོད་ཁང་འཛུགས་སྐྲུན་དང་ནགས་རྩྭ། བཟོ་འཕྲིན་སྡེ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་དང་། མདའ་བཞི་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོ་སོར་བརྟག་ཞིབ་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号