སློབ་མའི་བདེ་ཐང་སྐོར་གྱི་རྒྱུན་ཤེས།

ནོ་རུ་ནད་དུག་གི་གཉན་ཚད་ཀྱིས་ཁོག་པ་བཤལ་བའི་ནད་ལ་དོ་སྣང་བྱ་དགོས།

ནོ་རུ་ནད་དུག་ལ་ནད་རྟགས་མི་མངོན་པ་དང་འགྱུར་སླ་བ། གསོན་ཤུགས་ཆེ་བ། འགོ་ལམ་མང་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། མི་ཚོགས་ཁྲོད་འགོ་སླ་བ་རེད།

སྤྱིར་ནད་རྟགས་མི་མངོན་པའི་དུས་ཡུན་དུས་ཚོད24ནས48བར་ཡིན། ནོ་རུ་ནད་དུག་གི་མྱུར་གཤིས་ཕོ་རྒྱུའི་གཉན་ཚད་ཀྱི་ནད་རྟགས་ལ་དར་མ་དང་བྱིས་པར་ཁྱད་པར་ཅུང་ཙམ་ཡོད།བྱིས་པར་སྐྱུགས་པའི་ནད་རྟགས་མང་པོ་ཐོན་པ་དང་མི་དར་མར་བཤལ་བའི་ནད་རྟགས་མང་པོ་འབྱུང་། ད་དུང་ཚ་རྒྱག་པ་དང་མགོ་ན་བ། ནུས་ཤུགས་མེད་པ། ཟས་ལ་ཡི་ག་མེད་པ་སོགས་ཀྱི་ནད་རྟགས་འབྱུང་བ་དང། ཉེན་ཁ་ཆེ་དུས་ལུས་ཆུ་ཤོར་བའི་ནད་རྟགས་ཀྱང་འབྱུང་སྲིད་པས། གཤམ་གྱི་གནད་འདི་དག་ལ་མཉམ་འཇོག་བཟང་པོ་བྱ་དགོས།

གཅིག བཟའ་བཏུང་གི་གཙང་སྦྲར་དོ་སྣང་བྱ་དགོས། ཟས་རིགས་མི་གཙང་བ་མི་བཟའ་བ་དང་། ཡོང་ཁུངས་མི་གསལ་བའི་ཆུ་མི་འཐུང་བ། ཆུ་གྲང་མོ་མི་འཐུང་བ། ཤིང་འབྲས་དང་ཚལ་རིགས་མ་ཟོས་གོང་གཙང་མར་བཀྲུ་བ་བཅས་བྱ་དགོས།

གཉིས། འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཆགས་དགོས། འདག་རྫས་སྤྱད་ནས་ཆུ་གཙང་མས་ལག་པ་གཙང་མར་བཀྲུ་དགོས་པ་དང་། ལྷག་པར་ཟ་མ་མ་ཟོས་གོང་དང་གསང་སྤྱོད་དུ་སོང་རྗེས་ངེས་པར་དུ་ལག་པ་གཙང་མར་བཀྲུ་དགོས།

གསུམ། ཚོགས་འདུས་རང་བཞིན་གྱི་ནོ་རུ་ནད་དུག་གི་གཉན་ཚད་ཐོན་དུས་ཕྱོགས་ཡོངས་ཀྱི་དུག་སེལ་བྱ་བ་ཡག་པོ་བྱ་དགོས། གཙོ་བོ་ནད་པའི་སྐྱུགས་རོ་དང་བཙོག་པ་སོགས་ཀྱིས་བཙོག་སྐྱོན་ཐེབས་པའི་ཁོར་ཡུག་དང་དངོས་རྫས། འཚོ་བའི་ཡོ་ཆས། བཟའ་བཅའི་ཡོ་ཆས། འཐུང་ཆུ་བཅས་ལ་དུག་སེལ་ཡག་པོ་བྱ་དགོས།

རྒྱུན་མཐོང་ནད་དུག་གི་གྲས་སུ་དུས་ཚིགས་རང་བཞིན་གྱི་ཆམ་རིམས་དང་པྲོག་གསར་གློ་ཚད། སྣ་ནད། གློ་ཚད་སོགས་ཡོད་པས། དབུགས་ལམ་རང་བཞིན་གྱི་ནད་རིགས་ཁ་ཤས་མཉམ་དུ་ཐོན་པའི་ཉེན་ཁའང་ཡོད། སློབ་མགོ་ཚུགས་དུས་སློབ་མ་འདུ་ཤུགས་ཆེ་བས་དབུགས་ལམ་རང་བཞིན་གྱི་འགོས་ནད་ཁྱབ་ཉེན་ཆེན་པོ་ཡོད་སྟབས། གཙོ་བོ་ཆམ་རིམས་དང་པྲོག་གསར་ལ་དོ་སྣང་བྱ་དགོས།

གཅིག གློ་ལུ་དང་ཧབ་སྤྲིད་རྒྱག་དུས་གཙང་ཤོག་གིས་ཁ་སྣ་འགེབ་པ་དང་། བེད་སྤྱོད་བྱས་ཟིན་པའི་གད་སྙིགས་སྙིགས་སྒམ་དུ་དོར་ནས་དུས་ཐོག་ཏུ་གཙང་སེལ་བྱ་དགོས།

གཉིས། སྣབས་ཕྱིས་པ་དང་གད་དར་བྱས་ཚར་དུས་ལག་པ་གཙང་མར་བཀྲུ་དགོས།

གསུམ། དུས་བཅད་ལྟར་སྒེའུ་ཁུང་ཕྱེ་ནས་ཁང་པའི་ནང་རླུང་རྒྱུ་བར་བྱ་དགོས། ཡིན་ནའང་གནམ་གཤིས་གྲང་མོ་ཡོད་དུས་དྲོད་གྲང་ལ་དོ་སྣང་བྱས་ནས་ཆམ་པ་མི་ཕོག་པར་བྱ་དགོས།

བཞི། ལུགས་མཐུན་གྱི་བཟའ་བཏུང་སྤྱོད་པ་དང་། སྦྱོང་བརྡར་འོས་འཚམ་བྱེད་པ་སོགས་བདེ་ཐང་གི་འཚོ་བའི་གོམས་གཤིས་ནི་སྔོན་འགོག་གི་འགག་རྩ་ཡིན།

ལྔ། འགོག་སྨན་བརྒྱག་རྒྱུ་ནི་འགོས་ནད་འགོག་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན། ཚང་མས་ཚན་རིག་དང་མཐུན་ཞིང་རང་དང་འཚམ་པའི་འགོག་སྨན་བརྒྱག་དགོས་པ་དང་། ལྷག་པར་དུ་དམིགས་བསལ་མི་ཚོགས་ཀྱི་འགོག་སྨན་སྔ་མོ་ནས་བརྒྱག་དགོས།


སློབ་གྲྭས་དོ་སྣང་བྱེད་དགོས་པ་འགའ།

གཅིག  ཞོགས་པ་དང་ཉིན་གུང་དུ་བརྟག་བཤེར་ཇེ་མང་དུ་གཏང་དགོས་ལ། སློབ་མར་ཚ་རྒྱག་པ་དང་སྐྱུགས་པ། ཁོག་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་མྱུར་མོར་ལྟ་ཞིབ་དང་སྨན་བཅོས་བྱ་དགོས། ཁྱབ་ཆེ་བའི་འགོས་ནད་ཐོན་ཚེ། སློབ་གྲྭ་དང་བུ་བཅོལ་ཁང་གིས་འདུས་ཆེ་བའི་བྱ་འགུལ་སྤེལ་མི་རུང་།

གཉིས། ནད་པའི་ལུས་པོའི་དྲོད་ཚད་རྒྱུན་ལྡན་ལྟར་ཆགས་པ་དང་ནད་རྟགས་གཞན་དག་མེད་པར་གྱུར་ཏེ་དུས་ཚོད48འགོར་རྗེས་གཞི་ནས་སློབ་གྲྭར་ལོག་ཆོག  སློབ་མར་འགོས་ནད་ཕོག་པ་གཏན་འཁེལ་བྱས་ཚེ། ངེས་པར་དྲག་སྐྱེད་དཔང་ཡིག་ཁྱེར་ནས་སློབ་གྲྭར་ལོག་དགོས། སློབ་གྲྭའི་ཟ་ཁང་གི་ལས་མིའི་བདེ་ཐང་ལ་ལྟ་སྐུལ་ནན་མོ་བྱ་དགོས། གལ་སྲིད་འགོས་ནད་འདྲ་བའི་ནད་རྟགས་ཐོན་ཚེ། མྱུར་མོར་སྨན་བཅོས་བྱེད་དུ་འགྲོ་དགོས།

གསུམ། ཁོར་ཡུག་གཙང་སྦྲ་རྒྱུན་འཁྱོངས་བྱ་དགོས། སློབ་ཁང་དང་ཉལ་ཁང་། ཟ་ཁང་སོགས་སུ་རླུང་རྒྱུ་རུ་འཇུག་དགོས་པ་དང་། གནམ་གཤིས་ཡག་དུས་སྒེའུ་ཁུང་མང་ཙམ་ཕྱེ་དགོས། དུས་ལྟར་གད་དར་བྱས་ནས་ཁོར་ཡུག་གཙང་མ་ཡོང་བར་བྱ་དགོས།

བཞི། བདེ་ཐང་སློབ་གསོའི་བྱ་འགུལ་སྤེལ་དགོས། བདེ་ཐང་སློབ་གསོའི་བྱ་འགུལ་སྤེལ་ནས་ཁྱིམ་བདག་དང་དགེ་རྒན། སློབ་མ་ཚང་མའི་བདེ་སྲུང་འདུ་ཤེས་མཐོ་རུ་གཏང་དགོས། སློབ་གྲྭས་ནད་ཕོག་པའི་སློབ་མའི་ཁྱིམ་བདག་དང་དུས་ཐོག་ཏུ་འབྲེལ་བ་བྱས་ནས་བདེ་ཐང་ལྟ་སྐུལ་བྱེད་སྟངས་ཐད་མཛུབ་སྟོན་དང་། ཁྱིམ་ཚང་གི་དུག་སེལ་ཤེས་བྱ་སོགས་འགོས་ནད་ཚོད་འཛིན་བྱ་བ་ནན་མོར་བསྒྲུབ་དགོས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号