ད་ལྟའི་དུས་ལ། གཉིད་ཀྱིས་མི་འདང་བ་དང་གཉིད་རབ་ཏུ་སྟུག་པ། གཉིད་ཡག་པོ་མི་ཡོང་བ་སོགས་ཀྱི་གནད་དོན་མི་མང་པོར་འབྱུང་བཞིན་ཡོད། འདིར་གཉིད་ཀྱི་སྐོར་ལ་ནོར་འཁྲུལ་འབྱུང་སླ་བ་གང་དག་ཡོད་པ་གླེང་བར་བྱ།

གཅིག གཉིད་ཁར་ཆང་གིས་ཕན་པར་འདོད་པ།

གཉིད་ཁར་ཆང་ཉུང་ཙམ་འཐུང་ན་གཉིད་བདེ་བར་ཞུགས་པར་གྲོགས་སུ་འགྲོ་སྲིད་ཀྱང་། གཉིད་ཡག་པོ་ཁུག་པ་ལ་གནོད་པ་མངོན་སུམ་དུ་འབྱུང་བ་ཡིན། རྒྱུ་མཚན་ནི་ཆང་འཐུང་བའི་རྗེས་སུ། མི་ལུས་ཀྱི་ཚོར་བ་སྦྲིད་པར་གྱུར་ཏེ་གཉིད་མི་ཐུབ་པ་དང་གཉིད་ཀྱི་གཏིང་ལ་ནུབ་དཀའ་བ་ཡིན། ཆང་བཅུད་དྭངས་སྙིགས་ཕྱེ་བ་དང་བསྟུན་ནས། གཉིད་ལས་ཡང་ཡང་སད་དེ་བར་ཆད་སྣ་ཚོགས་འབྱུང་ལ། དེ་ལས་ཀྱང་སྐབས་འདིའི་གཉིད་ནི་དྲན་འཛིན་དང་སློབ་སྦྱོང་གི་ནུས་པར་ཤིན་ཏུ་གལ་ཆེ་བ་ཡིན། གལ་ཏེ་དུས་ཡུན་རིང་པོར་ཆང་བཅུད་ལ་བརྟེན་ནས་གཉིད་ཁུག་དགོས་པ་ཡིན་ན། ཆང་བཅུད་ལ་གོམས་པའི་ནད་ཀྱང་བསྐྱེད་སྲིད།

གཉིས། ཉལ་ནས་བརྙན་འཕྲིན་ལ་བལྟས་ན་ངལ་སངས་པར་འདོད་པ།

ཁྱིམ་ཚང་མང་པོས་མལ་ཁང་དུའང་བརྙན་འཕྲིན་བཞག་ཡོད། བརྙན་འཕྲིན་གྱི་སྒྲ་ལ་མཉན་ནས་ཉལ་ན་གཉིད་ཀྱིས་དུབ་པར་འགྱུར། ཡིན་ནའང་། བརྙན་འཕྲིན་ལས་འཕྲོས་པའི་འོད་སྔོན་པོས་ཀླད་པར་ངར་སློང་བ་དང་། དུས་མཚུངས་སུ་ནག་སེལ་རྫས་ཀྱི་ཟགས་ཐོན་ལ་གེགས་བྱེད་པས། གཉིད་ཟབ་མོ་ཁུག་པར་བར་ཆད་བཟོ་བ་ཡིན། རབ་ཡིན་ན་མ་གཉིད་སྔོན་གྱི་དུས་ཚོད་གཅིག་གི་མཚམས་ནས་གློག་རྡུལ་སྒྲིག་ཆས་སྤྱོད་མཚམས་བཞག་ན་དགའ། དེའི་ཚབ་ཏུ་དེབ་སོགས་བཀླགས་ན་ལེགས།

གསུམ། མལ་ཁྲི་ལ་ཉལ་ནས་གཉིད་འགུག་པ།

དོན་གྱིས་གཉིད་མ་ཁུག་པའི་ཚེ་ན་མལ་ཁྲིའི་སྟེང་དུ་ཉལ་ནས་གཉིད་ཁུག་ཐབས་བྱེད་པ་ནི་ཨུ་ཚུགས་ཙམ་ཡིན། གལ་ཏེ་སྐར་མ་སུམ་བཅུའི་ནང་ལ་ད་དུང་གཉིད་མ་ཁུག་ན་མལ་ལས་ལངས་ཏེ་སེམས་ངལ་བསྟེན་མི་དགོས་པའི་ལས་ཀ་ཙག་ཙིག་བསྟེན་ན་བཟང་སྟེ། དཔེར་ན་རྐང་འབོབ་ལྟེབས་པ་དང་གྱོན་ཆས་ལྟེབས་པ་ལྟ་བུ། དེ་དང་མཉམ་དུ་གློག་འོད་མི་གསལ་བར་བྱས་ཏེ་གཉིད་ཀྱིས་དུབ་པར་གྱུར་ཚེ་ད་གཟོད་མལ་ཁྲིའི་སྟེང་དུ་ལོག་ན་བཟང་།

བཞི། གཟའ་མཇུག་ལ་གཉིད་ཁ་གསབ་བྱེད་འདོད་པ།

ལས་ཚོགས་ལ་ཞུགས་མཁན་མང་པོས་ནམ་རྒྱུན་མཚན་སྐྱེལ་ཏེ། གཟའ་མཇུག་ལ་སླེབས་ན་གཉིད་ལ་ཁ་གསབ་བྱེད་འདོད་ཡོད། གཉིད་ལ་ཁ་གསབ་འོས་འཚམ་བྱེད་པ་ནི་ལུས་སྟོབས་གསོ་བར་ཕན་པའི་ཐབས་ཤིག་ཡིན་པ་སྨོས་མ་དགོས་ཀྱང་། མི་རྣམས་ལ་སོ་སོར་རང་རང་ལ་འཚམ་པའི་སྐྱེ་དངོས་ཀྱི་དུས་ཚོད་ཟེར་བ་ཞིག་ཡོད། དེ་དང་བསྟུན་ནས་ངལ་གསོས་ན་ད་གཟོད་ལུས་སེམས་ཀྱི་བདེ་ཐང་ལ་ཕན་པ་ཡིན། དུས་ཡུན་རིང་པོར་གཟའ་མཇུག་ལ་གཉིད་ཁ་གསབ་བྱས་ན། མ་གཞིའི་སྐྱེ་དངོས་ཀྱི་དུས་ཚོད་འཁྲུགས་པར་བྱས་ཏེ། དྭངས་སྙིགས་འབྱེད་པའི་འཁོར་རྒྱུག་འཁྲུགས་འགྲོ་བ་དང་རིམ་བཞིན་གཉིད་ཡེར་བར་འགྱུར་བ་ཡིན། དེ་བས་གཟའ་མཇུག་ལ་གཉིད་ཁ་གསབ་བྱེད་པའི་ཐབས་དེ་མཚམས་རེར་བསྟེན་རུང་བ་ལས། དུས་ཡུན་རིང་པོའི་གོམས་གཤིས་སུ་གྲུབ་ན་མི་ལེགས།

ལྔ། རྨི་ལམ་མང་བ་ནི་གཉིད་མི་ཡག་པའི་རྟགས་ཡིན་པར་འདོད་པ།

རྨི་ལམ་རྨི་བ་ནི་མི་ལུས་ཀྱི་སྟོབས་ཤུགས་སླར་སོས་པའི་གཉིད་ཀྱི་རྟགས་མཚན་གལ་ཆེན་ཞིག་ཡིན། དོན་གྱིས་མཚན་མོ་རེ་རེའི་གཉིད་ཀྱི་དུས་ཚོད1/4ཙམ་ནི་རྨི་ལམ་རྨི་བའི་དུས་ཚོད་ཡིན། ཡིན་ནའང་། མཚམས་རེར་གཉིད་རབ་ཏུ་སྟུག་པས་སད་དུས་རྨི་ལམ་བརྗེད་འགྲོ་བ་རེད།

དྲུག ཉིན་གུང་ངལ་གསོ་བའི་དུས་རིང་ན་བཟང་བར་འདོད་པ།

ཉིན་གུང་གཉིད་པ་ནི་གནའ་ནས་བཟུང་བདེ་ཐང་ལ་ཕན་པའི་ལས་ཤིག་ཏུ་བརྩི་ནའང་། གཉིད་དུས་ཇི་ལྟར་རིང་ན་དེ་ལྟར་བཟང་བ་ནི་མིན། གལ་ཏེ་ཉིན་གུང་གི་གཉིད་དུས་ཤིན་ཏུ་རིང་ཚེ། མཚན་མོར་ལྡོག་སྟེ་གཉིད་ཁུག་དཀའ་བ་དང་། ཡུན་དང་ཡུན་གྱིས་མི་ལུས་ཀྱི་སྐྱེ་དངོས་ཆོས་ཉིད་ལ་གཏོར་བརླག་བཟོས་འགྲོ་བ་རེད། སྤྱིར་བཏང་ཉིན་གུང་ལ་སྐར་མ་ཉི་ཤུ་ནས་སུམ་བཅུ་ཙམ་ལ་གཉིད་ན་ཆོག རྒྱུ་མཚན་ནི་སྐར་མ་ཞེ་ལྔའི་ཡན་དུ་གཉིད་ཚེ། གཉིད་ཀྱི་གཏིང་ལ་ནུབ་འགྲོ་བས་སད་རྗེས་ལྷག་པར་ངལ་སྣང་ཆེ།

བདུན། ཉལ་མ་ཐག་གཉིད་ཁུག་ཚེ་ལུས་སྟོབས་བཟང་བར་འདོད་པ།

ཉིན་མོར་གཉིད་ཆེ་བ་ནི་གཉིད་ཡེར་བ་དང་གཉིད་ཀྱིས་མ་འདང་བ། ཡང་ན་གཉིད་ནུས་ཉམས་པའི་ནད་རྟགས་ཤིག་ཡིན། དེ་མིན་ཉིན་མཚན་གོ་ལྡོག་པ་དང་གཉིད་ཆེ་བའི་ནད་དང་ཡང་འབྲེལ་བ་ཡོད།

བརྒྱད། མཚན་མོར་སྦྱོར་བརྡར་བྱས་ན་གཉིད་ལ་གནོད་པར་འདོད་པ།

མི་མང་པོས་མཚན་མོར་སྦྱོང་བརྡར་བྱས་ན་ལུས་པོར་ངར་བསྐྱེད་དེ་གཉིད་ལ་གནོད་པར་འདོད་པ་ཡིན། དོན་དངོས་ནི་དེ་ལས་ལྡོག་སྟེ། མཚན་མོར་སྦྱོང་བརྡར་འོས་འཚམ་བསྟེན་ན་གཉིད་ལ་ཕན་ཞིང་། དེ་ཡང་གཉིད་ཁའི་དུས་ཚོད2ཀྱི་ནང་ཚུན་དུ་སྦྱོང་བརྡར་དྲག་པོ་བྱེད་མི་རུང་སྟེ། དེ་ལས་གཉིད་ལ་བར་ཆད་བཟོ་བ་ཡིན།

དགུ། གློག་བཀར་ནས་གཉིད་ནའང་སྐྱོན་མེད་པར་འདོད་པ།

མིག་བཙུམ་ནས་གཉིད་ནའང་གློག་འོད་ཀྱིས་གཉིད་ལ་བར་ཆད་བཟོ། དེར་མ་ཟད་སྐྱེ་དངོས་ཀྱི་ཆོས་ཉིད་ལའང་གནོད་པ་ཡིན། དེ་བས་གཉིད་ཡག་པོ་ཞིག་ཁུག་པ་དང་ཉིན་མཚན་གོ་མི་ལྡོག་པའི་ཆེད་དུ་རབ་ཡིན་ན་གློག་གཟིམ་ནས་གཉིད་ན་ལེགས། 


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号